སྒར་མ་སྨན་ཐང་ག

༄༅།།ལྷ་བྲིས་ཆེན་མོ་བ་ཀརྨ་འོད་ཟེར་གྱི་ངོ་སྤྲོད་མདོར་བསྡུས།

ཁོང་གི་ཁྱིམ་རྒྱུད་ནི། འཇོ་མདའ་རྫོང་། འཛི་སྒར་ཤང་ཐར་རྩེ་གྲོང་། དགེ་སྐྱིད་ཚང་གི་མི་རབས་དང་པོ། བཟོ་རིགས་མཁས་པའི་དབང་པོ། འཇམ་ དབྱངས་རིན་ཆེན་དང་།  ཚེ་དབང་འགྱུར་མེད།  དགེ་ལེགས་དཔལ་བཟང་། མཁྱེན་སེང་།  དེ་རྣམས་བྲིས་འབུར་གཉིས་ཀ་ལ་ནང་བྱན་ཆུད་པའི་མཁས་པར་གྲགས་ཤིང་། །དེ་ཉིད་སློབ་དཔོན་དུ་བསྟེན་པའི་ལྷ་བྲིས་པ་དགེ་སྐྱིད་ཀརྨ་འོད་ཟེར་ཁོང་ཉིད་ནི། ཕ་མེས་ཀྱི་བརྒྱུད་པའི་བཟོ་རྩལ་སོགས་ལེགས་པར་བསླབས་པ་ལ་བརྟེན། སྐུ་ཡི་ཐིག་ཚད། ཞལ་ཕྱག་གི་རྣམ་པ། ཁྲོ་སྒེག་གི་ཉམ་འགྱུར། ཚོན་མདངས་ཀྱི་སྦྱོར་སྡེབ། ཡུལ་བཀོད་ཀྱི་འཆར་སྣང་སོགས་སྒོ་ཀུན་ནས་འབུར་དུ་ཐོན་པའི་སྒྱུ་རྩལ་བའི་དགེ་རྒན་དུ་གྱུར། དེའང་བོད་འདིར་སྒར་མཁྱེན་སྨན་དང་བྱེའུ་སྒང་ལུགས་སོགས། ལུགས་སྲོལ་ཆེན་པོ་རྣམས་ལས། ཆེས་ཁྱད་པར་དུ་འཕགས་པ། མཁས་མཆོག་ནམ་མཁའ་བཀྲ་ཤིས་ནས་བརྒྱུད་པའི་སྒར་ལུགས་དང་། མཁས་དབང་སྨན་ཐང་པ་སྨན་ལྷ་དོན་འགྲུབ་ནས་བརྒྱུད་པའི་སྨན་ལུགས་གཉིས་ཀའི་ལེགས་ཆ་བསྡུས་པའི། སྒར་མ་སྨན་ནམ་སྒར་ལུགས་རྙིང་པ་ཞེས་ཡོང་སུ་གྲགས་པའི་རྒྱུན་འཛིན་པའི་སློབ་དཔོན་ཆེན་པོ་ཉག་གཅིག་ཏུ་གྱུར།  འོན་ཀྱང་རང་ཉིད་འཁོས་ཞན་ཡིན་མོད། མི་ཆུང་བསམ་ཆེན་ཟེར་བའི་དཔེ་ལྟར། མི་རབས་ཕྱི་མའི་ཤུལ་བཞག་ལ་བསམ་སྟེ། ཐུན་མོང་མ་ཡིན་པའི་རང་ལུགས་སྒར་རྙིང་ལུགས་ཞེས་ཡོངས་སུ་གྲགས་པའི་བྲིས་འབུར་ཅི་རིགས་པའི་སྲོལ་རྒྱུན་རྣམས། མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་དུ་རེ་ནས་འབད་པ་ཆེར་བསྐྱེད་ཀྱིས་གཞན་ལ་སློབ་པ་དང་། རང་གིས་འབྲི་བ་ལ་བརྩོན་པ་ཡིན་གསུངས། ད་དུང་ཁོང་ནས་ལས་བྱ་བ་ཅི་ཡིན་ཀྱང་ཚུལ་དང་མཐུན་པ་ཞིག་གལ་ཆེ་བར་བསམ་ནས། ཐོག་མར་རྒྱུད་སྡེ་བཞི་པོ་གང་གི་ལྷ་ཚོགས་རྣམས་འབྲི་བར་བྱེད་པ་ལ། དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་ཞིག་མེད་དུ་མི་རུང་བས། དོན་གཉེར་ཆེན་པོའི་སྒོ་ནས་ལེགས་པར་སྔོན་དུ་དབང་ཐོབ་པར་བྱས་ཤིང་། དེ་ནས་ཐོག་མར་འཛི་དགོན་ལྷ་རྙིང་ཞིག་གསོའི་རྗེས། ཆབ་མདོ་རྫ་རྒྱུད་ནས་ལྷ་བྲིས་པ་མཁས་པར་གྲགས་པ་མང་པོ་ཞིག་གདན་དྲངས་ཏེ་ལྡེབས་རིས་འབྲི་སྐབས། ལྕི་སྤྲུལ་རིན་པོ་ཆེ་ཡིས། དབུ་མཛད་བྱེད་ནས་འབྲི་དགོས་ཀྱི་བཀའ་ལུང་གནང་བ་ལྟར། ཀ་བར་གཅིག་གི་ངོས་སུ། འབྲུག་རྒྱལ་དབང་རྗེ་སྐུ་འཁོར་ལྔ་པོ། སྐྱ་རིས་ཚོན་མདངས་བཅད་ཁ་བཅས་བྱས་ཤིང་། ས་པཎྜི་ཏ་དང་། རྗེ་བློ་བཟང་གྲགས་པ་གཉིས་ཀྱི་སྐྱ་རིས་བྱས་པས། ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ལྡན་འདུག་ཅེས། ལྷ་བྲིས་རྒན་པ་དེ་ཀུན་གྱིས་བསྔགས་བརྗོད་ཀྱི་གནས་སུ་གྱུར། དེ་ནས་འཛི་དགོན་རང་ལ། སྟོན་པ་གཙོ་འཁོར་གསུམ་པ་དང་། གནས་བརྟེན་བཅུ་དྲུག རྒྱལ་ཆེན་སྡེ་བཞི་སོགས། ཐང་སྐུ་ཉེར་གསུམ་ཙམ་བཞེངས། མཁས་དབང་ཨ་པད་རིན་པོ་ཆེ་ལ་ཚེ་ལྷ་རྣམ་གསུམ་དང་། ས་སྐྱའི་བླ་མ་རེ་ཟུང་ཡོད་པའི་ཐང་སྐུ་ཞིག་བྲིས་པས། དམ་པ་དེ་ཉིད་ནས་ཐུགས་དགྱེས་ཚོར་ཆེན་པོའི་བསྟོད་བསྔགས་ཡང་ཡང་གནང་། ཝཱ་ར་རི་ཁྲོད་པ་དགེ་ལེགས་མཆོག་ལ། སྒྲུབ་བརྒྱུད་ཤིང་རྟ་མཆེད་བརྒྱད་གཙོས་གྱང་ལྷ་དང་ཐང་སྐུ་མང་ཙམ་བྲིས། དེ་ནས་སྐུ་ཚེ་རྨུགས་སངས་དགོན་དུ་སྟོན་མཆོག་ཐུབ་པའི་དབང་པོ་ལ། འཁོར་འཕགས་པའི་གནས་བརྟེན་བཅུ་དྲུག་སོགས་ཀྱི་གཙོས་ལྡེབས་རིས་རྒྱ་ཆེར་བྲིས། དེ་རྗེས་འཇོ་ཕུ་སྤྲུལ་སྐུ་ཡེ་ཤེས་རྡོ་རྗེ་མཆོག་ནས།བཀའ་བརྒྱུད་གསེར་ཕྲེང་གི་ཐང་སྐུ་སྤུས་ལེགས་ཤིག་གསར་བཞེངས་གནང་བའི་ཐུགས་བསྐྱེད་རྒྱ་ཆེར་ཡོད་གཤིས། ཁོང་ལ་འབྲི་དགོས་ཀྱི་བཀའ་ལུང་ཕོག་པ་བཞིན། སྤྱི་ལོ་༡༩༩༥ལོའི་རྒྱལ་བ་ལྷ་ལས་བབས་པའི་དུས་ཕུན་སུམ་ཚོགས་པའི་ཉིན། ཐོག་མའི་དབུ་འཛུག་ནས། སྤྱི་ལོ་༢༠༠༢ལོའི་ལྷ་བབས་དུས་ཆེན་ཉིན། ཐང་སྐུ་སྤུས་ལེགས། གྲང་བཞི་བཅུ་ལེགས་གྲུབ་བགྱིས་ཐོག འདུ་ཁང་གི་ལྡེབས་རིས་ལ། རྡོར་སེམས་སྟོང་སྐུ། ཚེ་ལྷ་རྣམ་གསུམ་གཙོས་ལྷག་སྐུ་དུ་མ་དང་། ཐང་ནག་གི་སྐུ་དཔལ་ལྡན་ལྷ་མོ། གསེར་ཐང་གི་ཚེ་ལྷ་རྣམ་གསུམ་དང་། སྒྲུབ་བརྒྱུད་ཤིང་རྟ་མཆེད་བརྒྱད་ཀྱི་དགུ་ཐང་། གཞན་མར་མི་དྭགས་གསུམ། གཉེན་ཆེན་ཐང་ལྷ། བདེ་ཆེན་ཞིང་བཀོད། གོང་མ་རྣམ་ལྔ། སྔགས་སྲུང་མ། ཟང་མདོག་དཔལ་རི། སྒྲོལ་ལྗོང་། མི་འཁྲུགས། མ་གཅིག་ལབ་སྒྲོན། ཨོ་རྒྱན་རིན་པོ་ཆེ་སོགས་རྒྱ་ཆེར་བྲིས། རྗེས་སུ་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ཞལ་ཐང་སྤོས་ལེགས་ཉེར་དགུ་གསར་བཞེངས་ལེགས་གྲུབ་ཀྱིས་མཐའ་དགེ་བར་བྱས་པས། གྲགས་ཅན་གྱི་ལྷ་བྲིས་པ་དགེ་དགའ་སོགས་མཁས་དབང་དུ་མས་དཔེ་མེད་པའི་བསྟོད་བསྔགས་ཐོབ། ཁྱད་པར་དུ་རི་མོའི་སྒྱུ་རྩལ་གྱི་མཁས་དབང་དམ་པ་སེང་གེ་ལ། བདེ་ཆེན་ཞིང་བཀོད་ཀྱི་སྐུ་ཐང་རྒྱས་པ་ཞིག་བྲིས། དེ་ནས་ཞོར་དུ་ལྷ་བྲིས་པ་བྱ་བྲལ་དགེ་དཔལ་མཆོག་གིས་ཡང་ཡང་བསྐུལ་བའི་བཀའ་ནན་ལྟར། རབ་གསལ་བྲིས་སྐུའི་རྣམ་བཤད་བློ་གསལ་དགའ་བའི་མགུལ་རྒྱན་ཞེས་བྱ་བ་ཞིག་དཔེ་རིས་དང་བཅས། སྐལ་མཉམ་གཞན་ལ་ཕན་དུ་རེ་བ་དང་། གངས་ལྗོངས་བཟོ་རིག་སྒྱུ་རྩལ་གྱི་མཐུན་འགྱུར་དུ་དམིགས་ནས་ལྗགས་རྩོམ་མཛད། དེ་ནས་འཇོ་ཕུ་དགོན་པའི་སྒྲུབ་ཆེན་རས་བྲིས་ཀྱི་བླ་མ་མཆོད་པའི་དཀྱིལ་འཁོར་དང་། མི་འཁྲུགས་ལྷ་བཅུ་གསུམ་མའི་དཀྱིལ་ཐང་ཆེ་ལེགས་གཉིས་དང་། མཁན་པོ་ཚེ་རིང་ལ་མི་འཁྲུགས་པའི་ཐང་སྐུ། བདེ་ཆེན་ཞིང་བཀོད། དཔལ་ལྡན་ལྷ་མོ་བཅས་བྲིས། གཞན་ཡང་མཁན་རིན་པོ་ཆེ་ཨ་པད་ནས། སྐུ་ཚེ་གསེར་ལྗོང་དགོན་གྱི་འདུ་ཁང་གསར་བཞེངས་སྐབས། འཇམ་རྒྱལ་རིན་པོ་ཆེ་དང་། མཁན་ཆེན་ཨ་པད་ཁོང་རྣམ་གཉིས་ཀྱི་བཀའ་ལུང་བཞིན། ཐུབ་པའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་

དང་། སངས་རྒྱས་རབས་བདུན་བཅས་འདུ་ཁང་ནང་ཆ་ཚང་བྲིས། བླ་མ་ཀུན་དགའ་ཚུལ་ཁྲིམས་མཆོག་གི་བཀའ་ལུང་བཞིན། མགོན་པོ་ཞལ་བཞི་པའི་ཐང་ནག་སྤུས་ལེགས་ཚད་ལྡན་ཞིག་དང་། གེ་སར། ཁོང་གི་སྐུ་རབས་དང་། ཚེ་དཔག་སྐུ་ཐང་བཅས་བྲིས་པས། རབ་གནས་མ་བྱས་ཀྱང་བྱིན་རླབས་ཞུགས་པའི་ཐང་སྐུ་ཞིག་འདུག་གསུངས་ནས། ཚེ་དཔག་སྐུ་ཐང་དེས་དེར་འདུས་ཁྲོམ་ཚོགས་ལ་དབང་བསྐུར་གནང་། གཞན་ཡང་། ཚེ་ལྷ་རྣམ་གསུམ་དང་སྒྲོལ་དཀར་སོགས་ཀྱི་ཐང་སྐུ་སྤུས་ལེགས་གྲངས་མང་དང་། ཕུར་པ་ཁྲོ་བཅུ་ཁྲ་ཕྱག་བཅས་པའི་ཐང་ནག་ཤིན་ཏུ་ཟབ་རྒྱས་ཤིག་ཀྱང་བྲིས། སྤོ་ལུ་དགོན་དུ་མཁན་ཐུབ་བསྟན་ལ། འདུ་ཁང་གི་ལྡེབས་རིས་ཕྲན་བུ་དང་། དེ་རྗེས་དགོན་པའི་འདུ་ཁང་གི་ལྡེབས་རིས་ཡོང་རྫོགས་བཅས་བྲིས། རྔད་མདོ་ཐོག་དགོན་དུ་བླ་མ་དམ་ཆོས་ནས། སྦྱིན་བདག་གནང་བའི་གཙུག་ལག་ཁང་དུ་གུར་ལྷ་བརྒྱད་བྲིས། དེ་ནས་སྤྱི་ལོ་༢༠༠༢ལོར་འཛི་སྒར་མཆོག་སྤྲུལ་དགུ་པ་མི་ཕམ་བསྟན་པའི་ཉི་གཞོན་མཆོག་ནས། བསྟན་གཞི་གཙུག་ལག་ཁང་ཆེན་མོ་སླར་གསོ་གྲུབ་རྗེས། རིན་པོ་ཆེ་གང་ནས་། མཚོན་རིས་དང་། སྡེབས་བྲིས་ཚང་མ་འགན་ཁུར་དགོས་ཀྱི་བཀའ་གནང་བ་བཞིན། འདུ་ཁང་ཐོག་སོ་འོག་མར། སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་མཛད་པ་བཅུ་གཉིས། འཕགས་པའི་གནས་བརྟེན་བཅུ་དྲུག མགོན་པོ་ཕྱག་བཞི་པ། ལྷ་མོ་དུད་སོལ་མ། ལས་མགོན་བྱ་རོག་གདོང་ཅན། སྔགས་སྲུང་མ་བཅས་དང་།རྒྱ་མཐོང་ཁར་ཕྱག་ཆེན་བརྒྱུད་པའི་བླ་མ་དང་། མཆོག་སྤྲུལ་གྱི་གདན་རབས།རིས་མེད་བཀའ་བབས་གྲུབ་མཐའ་ཆེ་བཞི་ཡི་སྐུ་བརྙན། མང་བཀུར་འོད་མཛེས་སོགས་དང་པོའི་རྒྱལ་པོ་ལྔ་དང་། འདུ་ཁང་གི་སྒོ་ཁྱམས་སུ། རྒྱལ་ཆེན་སྡེ་བཞི། དམ་ཆོས་འདུལ་བའི་དཔེ་རིས། རྨ་ཆེན་སྤོམ་ར་སོགས་གསོལ་ཁ་དྲུག་དང་།སེང་ཆེན་ནོར་བུ་དགྲ་འདུལ། བཀའ་སྲུང་རག་མི་ཀླུ་བཙན། མགོན་པོ་ཞལ་བཞི་པ། རཱ་ཧུ་ལ། ཞིང་སྐྱོང་ཡབ་ཡུམ་སྲས་གསུམ་གྱི་ལྡེབས་རིས་དང། གཞན་ཡང་། སྒོ་འགྲམ་གཡས་སུ། སྲིད་པའི་འཁོར་ལོ། གཡོན་དུ་ཀུན་བཟང་འཁོར་ལོ་བཅས་བྲིས། ཐོག་སོ་གོང་མ་རྣམས་སུ། རྒྱུད་སྡེའི་སྐོར་དང་། ཚེ་ལྷ་རྣམ་གསུམ་སོགས་རྒྱ་ཆེར་བྲིས། གཞན་ཡང་། མཁན་ཆེན་ཐམས་ཅད་མཁྱེན་པ་འཇམ་དཔལ་དོན་བརྒྱུད་ཉི་མ་ལ། རྩ་གསུམ་ལྷ་ཚོགས་ཀྱིས་བསྐོར་བའི་ཞལ་ཐང་ཆེ་ལེགས་ཟུང་། དཔལ་གྲུབ་དབང་སངས་རྒྱས་ཕྲིན་ལས་གཙོ་འཁོར་གྱི་ཞལ་ཐང་སྤོས་ལེགས། དགོངས་གཏེར་ཡི་དམ་གུ་རུ་དྲག་པོའི་ལྷ་ཚོགས་འཁོར་དང་བཅས་པའི་ཞལ་ཐང་ཆེ་ལེགས། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་བདེ་སྨོན་དང་མཐུན་པའི། བདེ་ཆེན་ཞིང་གི་བཀོད་པ་ཤིན་ཏུ་རྒྱས་པའི་ཞལ་ཐང་ཆེ་ལེགས། གུ་རུ་མཚན་བརྒྱད་ཀྱི་ཞལ་ཐང་རྨིད་ ༩ ཅན། ཇོ་ལུགས་སྒྲོལ་མ་ཉེར་གཅིག་གི་ཞལ་ཐང་ཆེ་ལེགས། བཀའ་སྲུང་ཇག་པ་མེ་ལེན་འཁོར་དང་བཅས་པའི་ཐང་ནག་ཆེ་ལེགས། བཅས་ཐོག་མཐའ་བར་གསུམ་དུ་དགེ་བར་བྱས་། ལྷོ་གྲོ་བོ་ལུང་གི་དགོན་པ་ལ་འབྲུག་ལུགས་དཔལ་ལྡན་ལྷ་མོ་གཙོ་འཁོར་གྱི་ཞལ་ཐང་སྤོས་ལེགས། འགོ་མདའ་སྔོ་ར་ཚང་ལ་ཞལ་ཐང་སྤོས་ལེགས་བརྒྱད་བྲིས། གཞན་ཡང་། དད་ལྡན་རྣམས་ཀྱི་ཤི་དགེ་གསོན་རིམ་གྱི་ཆེད་དུ་བྲིས་པ། མི་འཁྲུགས་ཞིང་བཀོད། ཟང་མདོག་དཔལ་རི། བདེ་ཆེན་ཞིང་བཀོད། པོ་ཊ་ལའི་ཞིང་བཀོད། གཡུ་ལོ་བཀོད་པའི་ཞིང་དཀོད། མི་འཁྲུགས་ལྷ་དགུ། གོང་མ་རྣམ་ལྔ། མར་མི་དྭགས་གསུམ། རྒྱ་རས་གཙོ་འཁོར་གསུམ། སྟོན་པ་གཙོ་འཁོར་གསུམ། འཇམ་ཕྱག་སྤྱན་གསུམ། ཚེ་ལྷ་རྣམ་གསུམ། སྟོན་པ་སྨེ་བ་དགུ་ཐང་། བདེ་གཤེགས་སོ་ལྔ། སྒྲོལ་དཀར་ལྷ་དགུ། ཚེ་དཔག་ལྷ་དགུ། སྨན་ལྷ་མཆེད་བརྒྱད། ཀྱེ་རྡོར་ལྷ་དགུ། གེ་སར་ཝེར་མ་བཅས། མདོ་གདུགས་སེང་གསུམ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང། སྒྲོལ་མ་ཉེར་གཅིག་སོགས། ཕྱོགས་གང་སར་ཞལ་ཐང་འདྲ་མིན་གྲངས་མང་བྲིས། གཞན་ཡང་༢༠༡༢ལོའི་ཟླ་བ་༨པའི་ཚེས་པ་༤ཉིན། སྡེ་དགེ་སྒ་ལེན་དགོན་པའི་འདུ་ཁང་ཆེན་མོ། གསར་བཞེངས་གྲུབ་འཕྲལ། མཁན་ཆེན་བཀྲ་ཤིས་ཆོས་འཕེལ་ནས་གསུང་བསྐུལ་གནང་བར་བརྟེན། འདུ་ཁང་ཆེན་མོའི་ལྡེབས་རིས་ཡོངས་སུ་རྫོགས་པར་བྲིས་པས། ངོར་མཁན་ཆེན་ཀླུ་ལྡིང་སོགས་ཡིད་རངས་བའི་གནས་སུ་གྱུར། སྤྱི་ལོ་ ༢༠༡༧ ལོ་ བོད་ཟླ་༩་པའི་ ཚེས་ ༢༢ ཉིན་འཇོ་ཕུ་དགོན་པའི་འདུ་ཁང་ཆེན་མོ་གསར་བཞེངས་ཀྱི་ལྡེབས་རིས་འབྲི་བཞིན་པ་བཅས་སོ། །དེ་དག་གི་བརྒྱུད་རིམ་ཁྲོད་དུ་དགེ་ཕྲུག་གསོ་སྐྱོང་བྱས་པ་ནི། སློབ་མཐར་ཡོངས་སུ་ཕྱིན་པ་ཉི་ཤུའི་ལྷག་ཙམ་དང་། སློབ་མའི་ཁྱོན་སུམ་བརྒྱ་ལས་བརྒལ་བ་བཅས་ལགས་སོ།།    །

 

དགེ་ལེགས་དར་རྒྱས་ནས

ཀརྨ་འོད་ཟེར།
སྒར་མ་སྨན་ཐང་ག